ལེ་བར་སྟོང་གི་ཕྱིར་མིག

༡ ཨ་སྔོན་དབྱིངས་གི་སྤྲིན་པ་ལང་ལོང་དང་།།   བྱ་བྱུའི་གནམ་བྱ་མིག་གིས་མཐོང་ཐེངས་རེར།།

དྲིན་ཆེན་ཕ་མ་དྲན་པའི་སེམས་པ་དེས།།         ང་རང་ཐོགས་མེད་རླུང་བུ་ཡིན་ན་བསམ།།

༢ དགུང་དུ་ཟུག་པའི་ཁང་བརྩེགས་ཀླད་བུད་རུང་།། གཅེས་པའི་ཕ་ཡུལ་མཐོང་ཐབས་མེད་ན་ཡང་།།

དུངས་བའི་ཕ་ཡུལ་ཕྱོགས་གི་སྟོང་ཁམས་ཏེ།།         སེམས་པ་སྐྱོ་ཞོར་ཕྱིར་མིག་ཡང་ཡང་བལྟས།།

༣ ཁ་ཐག་གངས་རིས་བཅད་ནས།།                   སེམས་ཐག་དུས་ཀྱིས་བཅད་པའི་།།

འཁོར་མོ་དབྱར་འདྲའི་གནས་འདིར།།                 ཁ་བའི་ལོ་ཟླ་དྲན་བྱུང་།།

༤ མུ་མེད་རྒྱ་མཚོའི་འགྲམ་གྱི་རྒྱལ་ཁམས་འདིར།།   སྐྱིད་སྡུག་འདྲེས་མའི་འཚོ་བ་ང་ལ་ཡོད།།

སྐྱིད་དེ་ལོས་ཡོད་ཤེས་བྱའི་ཀླུང་ན་འཇུག།       སྡུག་དེ་ལོས་ཡོད་ཆུང་འདྲིས་གྲོགས་དང་བྲལ།།

༥ སྐད་དང་འཕྲིན་གྱི་བར་ནས།།                   ཁྱེད་ཚོའི་གནས་ཚུལ་གོ་རུང་།།

མ་འོངས་མཉམ་འཛོམས་དུས་ཏེ།།                   གཏན་དུ་རེ་སྒུག་བྱས་ཡོད།།

མོ་སུས་སྐྱོབ་ཐུབ།

སྐྱ་རེངས་སྔ་མོ་ནས་གྲགས་བྱུང་འོན་ཀྱང་ཨ་ཕ་རྟ་ལོ་ཚང་གི་དུ་ཁུང་ནས་དུ་བ་མཐོང་མ་བྱུང་། ཅི་བྱུང་བ་ཡིན་ནམ། ནམ་རྒྱུན་ལྟར་ན་ད་ནི་ཨ་མ་གཡང་མོ་འཚོ་མལ་ལས་ལངས་ཡོད་པ་མ་ཟད་སྒོ་ཕྱི་ནང་ལ་གད་ཕྱགས་བྱེད་ཞོར་ནངས་ཟ་བསྐོལ་བཞིན་པའི་དུས་ཡིན་མོད། དེ་རིང་མོ་ཡུལ་ན་མེད་དམ་ཡང་ན་ན་ཚ་བྱུང་ནས་ཉལ་སར་ལྷུང་བ་རེད། འོ། ན་ཚ་བྱུང་ནས་ཉལ་སར་ལྷུང་སོང་ནི་ཡིན་རྒྱུ་རེད།

ཉི་རྩེ་ཁང་ཁ་ལ་རྒྱབ་འདུག་པ་དང་བྱིས་པ་ཚོ་སློབ་གྲྭར་འགྲོ་རན་ལ་ཐོན་སོང་། ཁོ་ཚོས་ཨ་མས་ནངས་ཟ་བསྐོལ་མེད་པ་ཤེས་རུང་ཡ་མཚར་ཅི་ཡང་མེད་པར་གོ་སྡེར་ནང་ནས་གོ་རེ་སྐམ་པོ་དུ་ག་རེ་བཅག་དེ་རང་རང་གི་དཔེ་ཁུག་ནང་་ལ་བརྫངས་རྗེས་ཅི་ཡང་མ་བཤད་པར་སློབ་གྲྭར་བུད་སོང་།

ད་ནི་ཉི་མ་སྒེའུ་ཁུང་ནས་ཨ་ཕ་རྟ་ལོའི་ངོ་གདོང་ལ་རྒྱབ་འདུག་མོད་ཡིན་ན་འང་ཁོ་ལ་ཚོར་བ་ཅུང་ཙམ་ཡང་མེད་པར་འདྲ། ད་རུང་ཁ་ཆེན་པོ་གདངས་ཏེ་སྔུར་བ་འབྲུག་སྒྲ་ལྟ་བུ་འཐེན་ཞོར་གཉིད་ཀྱི་ཞིང་ཁམས་ནས་ཡོང་འདོད་མེད་གི་སྙམ། སྐྲ་ལོ་ཚེར་མ་ལྟར་གཟེངས་ཞིང་མིག་མཐའ་སྔོ་ནག་དུ་གྱུར་བའི་ཨ་མ་གཡང་མོ་འཚོས་ལག་པ་གཉིས་གཙེབ་མི་གཙེབ་གྱིས་རང་གི་མགོ་ལ་བྱུགས་བྱུགས་བྱེར་ཞོར་གཉིད་དུ་ཡུར་བའི་ཁྱོ་གའི་ཕྱོགས་ལ་མིག་སྡང་གི་ཅིག་བལྟས། བལྟས་ཚོད་ཀྱིས་མོས་རང་གི་ཁྱོ་ག་ནམ་ཡང་སད་ཀྱི་མེད་ཀྱི་ན་སྐྱིད་འང་འདོད་པ་འདྲ།

ཨ་མ་གཡང་མོ་ཚོའི་ལུས་ཡོངས་ན་ཟུག་གི་གཟེར་ནས་ལས་ཅི་ཡང་བྱེད་འདོད་མེད་མོད་འོན་ཀྱང་མོ་ནི་ཁྱིམ་འདིའི་བདག་མོ་རེད། རྒྱལ་ཁབ་ཅིག་ལ་རྒྱལ་བོ་ནི་ཉིན་གཅིག་ལའང་མེད་མི་རུང་བ་བཞིན་ཁྱིམ་ཚང་ཞིག་ལ་ཁྱིམ་བདག་མ་མེད་ག་ལ་རུང་། མོས་སྔས་འགྲམ་གྱི་མགོ་དཀྲིས་དམར་ཁྲ་དེ་བླངས་ནས་རིང་གི་མགོ་བོ་བསྡམས་བྱུང་། དེ་ནས་གུང་ཟས་ལ་གྲ་སྒྲིག་བྱེད་མགོ་བརྩམས།

ཟས་ཀྱི་དྲི་མས་བཀུག་པ་ཡིན་ནམ་ཡང་ན་ཨ་ཕ་རྟ་ལོའི་ཕོ་ལྟོགས་པ་ཅི་ཡིན་མ་ཤེས་མོད། གང་ལྟར་ཁོ་མལ་ལས་ལངས་ཏེ་ཨ་མ་གཡང་མོ་འཚོའི་ལག་ཟས་ལ་རྒྱགས་ཆད་པ་ཞིག་རོལ་རྗེས་ཕྲེང་བ་སྐེ་ལ་བསྐོན། ལ་བ་གཡང་ཤམས་བྱས་ནས་སྒོ་ཕྱི་ལ་དུས་གདའ་བ་བྱེད་དུ་བུད་སོང་། ཉིན་ཕྱེད་དེའི་རིང་ལ་ཁོ་གཉིས་ཀྱིས་སུས་ཀྱང་སུ་ལ་ཁ་གཅིག་ཀྱང་གྲགས་མ་བྱུང་།

སློབ་གྲྭ་གྲོལ་རྗེས། བུ་མོ་ཆུང་བ་གཉིས་རང་སོའི་གྲོགས་མོ་དག་དང་འགྲོགས་དེ་རྕེ་རུ་བུད་སོང་།

བུ་མོ་ཆེ་བ་ལས་དབང་ལྷ་མོ་དུས་རྒྱུན་ལྟར་ཐད་ཀར་ཡུལ་ཕྱོགས་ལ་སྙེགས་ནས་བུད་སོང་། མོའི་ཉིན་རྒྱུན་གྱི་གོམས་གཤིས་ལྟར་རང་ཡུལ་གྱི་སྒོ་འགྲམ་ལ་ཐོན་མ་ཐག་སྣ་བ་རྒྱལ་སྒོའི་ཕྱོགས་ལ་གཏད་དེ་ཡུད་ཙམ་ཉན་ནས་བསྡད། ཡང་ཤིང་སྒོའི་བར་སྲུབས་ནས་ཅི་ཨེ་མཐོང་གི་བལྟས། ནང་ན་གྲགས་འགུལ་ཅི་ཡང་མེད་པ་ཤེས་རྗེས་ད་གཟོད་སྒོ་ཕྱེ་ཞོར་ཨ་མ་ཞེས་བོས་ནས་ནང་ལ་འཛུལ། འོན་ཀྱང་ཨ་མས་མོ་ལ་ཨ་ལན་མ་བྱིན།

ལས་དབང་ལྷ་མོ་ཐད་ཀར་གོ་ཁའི་ཕྱོགས་སུ་རྒྱུགས་ནས་སོང་བ་ན་ཨ་མ་གཡང་མོ་འཚོ་གཅིག་པུར་ནག་འཁྱུག་འཁྱུག་བྱེད་པའི་ཤིང་གི་རྐུབ་སྟེགས་རྙིང་བ་དེའི་སྟེང་དུ་བཙོག་ནས་མགོ་བོ་སྔས་མགོ་ལ་བསྙེས་དེ་འདུག་པ་མཐོང་། ལས་དབང་ལྷ་མོས་ཨ་མ་ཁྱོད་ལ་ཅི་བྱུང་བ་རེད་ཟེར་ཞོར་ཨ་མའི་གམ་ལ་སོང་ནས་ས་ཐོག་ནས་ཙོག་པུར་བསྡད། ཨ་མས་མོ་ལ་ལན་མ་བཏབ་རུང་མས་ཨ་མས་མིག་ཆུ་ཕུལ་བཞིན་པའི་རྒྱུ་མཚན་གསལ་བོ་རྟོགས་ཡོད་པ་འདྲ། དེ་བས་ཡང་བསྐྱར་མ་དྲིས་པར་ཁ་རོག་གེར་བསྡད།

ཡུད་ཙམ་འགོར་རྗེས། ཨ་མས་གཡང་མོ་འཚོས་མིག་མཐའ་ལག་པས་ཕུར་ཕུར་བྱེད་ཞོར་རང་གི་ཤ་ལས་ཆད་པའི་བུ་མོ་ལས་དབང་ལྷ་མོའི་ཕྱོགས་སུ་འཁོར། རང་དབང་མེད་པར་ཨ་མ་གཡང་མོ་འཚོ་ལ་རང་སེམས་ཀྱི་སྐྱོ་གདུང་ཡོད་ཚད་ཤར་མར་ལོ་ན་བཅུ་ལས་སོན་མེད་པའི་བུ་མོ་ལས་དབང་ལྷ་མོ་ལ་བཤད་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས་སོང་། ད་བར་དུ་མོས་སྡུག་བསྔལ་ཡོད་ཚད་སེམས་ལ་བཅུག་ནས་སུ་ལའང་བརྗོད་མ་མྱོང་ལྷག་པར་དུ་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་ཆེད་ཁོ་ཚོའི་མདུན་ནས་ནམ་ཡང་གང་ནུས་ཀྱིས་དགའ་སྤྲོ་དང་འཛུམ་མདངས་བསྟན།

ཨ་མ་གཡང་མོ་འཚོ་ནི་མོའི་དྲིན་ཆེན་ཕ་མ་གཉིས་ཀྱི་གཅེས་ཕྲུག་གཅིག་པུ་ཡིན་པས་བྱིས་དུས་ཀྱི་འཚོ་བ་ནི་དངོས་ནས་གོས་རང་གྲུབ་དང་ཟས་རང་འགྲུབ་རེད་ཞེས་བརྗོད་ཆོག ཡིད་སྐྱོ་བ་ཞིག་ལ་མོའི་དྲིན་ཆེན་ཕ་མ་གཉིས་སྔ་གཞིག་དུ་མོ་རང་མོ་ལོ་ཉེར་བཞི་ལ་བུད་དུས་ཚེ་ལས་འདས་སོང་། སྐབས་དེར་མོ་ངལ་བསྒྲུམས་ཡོད་པ་དང་བུ་མོ་ལས་དབང་ལྷ་མོ་དག་དག་ལོ་གཅིག་རེད། བསམ་ཡུལ་ལས་འདས་པའི་དོན་ངན་མང་པོ་ཞིག་དུས་གཅིག་དུ་བྱུང་ནའང་ཨ་མ་གཡང་མོ་འཚོས་མོའི་ལས་དབང་དང་མི་ཚེ་ལ་ཡིད་མ་ཆད་པར་མུ་མཐུད་དུ་འཚོ་བ་འཁྱོལ་ཐབས་བྱས། བྱིས་པ་གཉོར་སྐྱོང་། ཁྱིམ་ལས་དང་ཞིང་ལས་སོགས་ཡོད་ཚད་མོ་གཅིག་པས་ཧུར་བརྩོན་བྱས། དེ་ལས་ཀྱང་ཡ་ང་བ་ནི་སྡེ་མི་ཡོངས་ལ་གསལ་ཆ་ཡོད་པ་ལྟར་ན་མོའི་རྒྱུག་མོ་ནི་སེམས་མེད་ཀྱི་སྡུད་མོ་ཞིག་དང་འདྲ་བར་ཨ་མ་གཡང་མོ་འཚོ་ལ་མཐོང་ཆུང་དང་ཐུབ་ཚོད་བྱེད་པ་མ་ཟད་། ད་དུང་མོའི་བུ་ལ་ཁ་རྒྱག་བྱས་ནས་ གཅར་རྡུང་བྱེད་དུ་བཅུག་པ་ཡང་བསྒྲངས་ལས་འདས་ཟེར།

ཨ་མ་གཡང་མོ་འཚོས་མོས་ད་བར་དུ་སེམས་ལ་བཅུག་པའི་ན་ཟུག་དག་དེ་རིང་རང་གི་བུ་མོ་ལ་བཤད་སོང་། ང་ཤི་སོང་ན་མི་ཆོག་ནས། ང་ཤི་སོང་ནས་མི་ཆོག་ནས། འདི་ལྟར་གསོན་ནས་སྙིང་བོ་ཅི་ཞིག་འདུག་ཅེས་ཨ་མ་གཡང་མོ་འཚོས་ཡང་དང་ཡང་དུ་བསྐྱར་ཟློས་བྱོས། ཁྱེད་ཚོ་བྱིས་པ་ཚོ་ཆུང་གི ཨ་མ་མེད་ན་གསོན་རྒྱུར་ཡང་དཀའ་རྒྱུ་རེད་བསམ་ནས་བསྡད་ཡོད་པ་མ་གཏོགས། ང་སྔ་མོ་ནས་ཅིག་ལ་བསྡོམས་སོང་ནི་རེད། ངས་ལོ་འདི་དག་གི་རིང་ལ་ཉིན་གཅིག་ལའང་སྐྱིད་ཀྱི་འཚོ་བ་ཞིག་མིག་གིས་མ་རིག དུས་ནམ་ཡང་ཁྱེད་ཚོའི་ཨ་ནེའི་མཐོང་ཆུང་དང་ཨ་ཕའི་གཅར་རྡུང་གི་མནར་གཅོད་འོག་འཚོ་བ་བསྐྱལ། ཁོས་རྒྱུ་མཚན་ཅི་ཡང་མེད་པར་ང་ལ་གཅར་རྡུང་བྱེད། ཁྱིམ་ཚང་འདིའི་དོན་དུ་ངས་སྡུག་ཁྱིའི་མི་མཐུང་རྒྱུ་མཐུང་རུང་ཁོས་ད་རུང་ང་ལ་མནར་གཅོད་གཏོང་གི   ཁོ་དངོས་ནས་མི་ཞིག་མ་རེད། ཁོས་ད་དུང་ཐེངས་གང་མང་ལ་མཚོན་ཆ་བཟུང་ནས་ང་གསོད་རྩིས་བྱས་མོད་ཡིན་ནའང་ངའི་ལན་ཆགས་ཡིན་པས་ཤི་མ་སོང་། ལན་ཆགས་རེད་ཡ། ལན་ཆགས་རེད། ལན་ཆགས་མིན་ན་ཅིའི་ཕྱིར་ཐེངས་དེ་འདྲ་མང་པོ་ཞིག་ལ་བར་དོ་ཁམས་ནས་ཕྱིར་ཡོང་སྒོ་སོང་ནི་རེད། ངའི་ཡན་ན་ལས་ངན་སུ་ཞིག་ཡོད་ཅེས་མིག་མཐའ་མཆི་མས་བརླན་ནས་དབུགས་རང་རང་ནར་ནར་ཞིག་འཐེན། ལས་དབང་ལྷ་མོས་ཚིག་གཅིག་ཀྱང་མི་སྨྲ་བར་ཁ་རོག་གེར་མིག་ཆུ་ཕུལ་བཞིན་མུ་མཐུད་དུ་ཨ་མའི་སྐད་ཆ་ལ་ཉན་འདུག ཨ་མ་གཡང་མོ་འཚོས་མུ་མཐུད་དུ་རང་གི་བུ་མོ་ལ་བཤད་རྒྱུར་མ་འོངས་པར་ཁྱོད་ནར་སོན་ན་ཁྱོད་ཀྱི་ཨ་ཕ་ལྟ་བའི་ཁྱོ་ག་ཞིག་གཏན་ནས་བཙལ་ཉེན་ནི་མ་རེད་དེ་མིན་ན་ཁྱེད་ཀྱི་མི་ཚེ་གང་བོ་ཚར་སོང་ནི་རེད་ཞེས་བརྗོད། ལས་དབང་ལྷ་མོས་སྔར་བཞིན་ཚིག་གཅིག་ཀྱང་མ་བཤད། ཡིན་ནའང་སྐབས་དེ་ནས་བཟུང་མོས་རང་གི་སེམས་ལ་དམ་བཅའ་བརྟན་པོ་ཞིག་བཞག་ཡོད་པ་ནི་མི་ཚེ་གང་བོར་གཉེན་སྒྲིག་མི་བྱེད་པར་རང་གི་ཨ་མ་ལགས་ལ་བདག་སྐྱོང་དགའ་ཞིག་བྱེད་རྒྱུ་དེ་རེད།

སྤྱིར་རང་སྡེའི་རིགས་ལ་གནོད་འཚེ་བྱེད་པ་ནི་རླབས་ཆེན་ཞིག་མིན་ལ། ལྷག་པར་དུ་ཁྱོ་གས་ཆུང་མ་ལ་གཅར་རྡུང་བྱེད་པ་ནི་ཁོའི་ངོ་ཚ་ཞིག་ཡིན་པ་ལས་གཟི་བརྗིད་ག་ལ་ཡིན།

༢༠༡༤ལོའི་སྤྱི་ཟླ་༡༠བའི་ཚེས་༢༢ཉིན།

རང་འཚོལ།

མི་འདོད་པ་ཡི་གནས་ལུགས་བརྒྱ་ཡོད་རུང་།
ཡར་ལན་སློག་པའི་དབང་ཆ་གཅིག་མེད་གི།
ཡུལ་སྲོལ་གོམས་པ་གཟུགས་མེད་དྲ་རྒྱ་ལས།།
གཤོག་ཟུང་བརྐྱང་རྒྱུ་དཔེ་མེད་ལོ་རྒྱུས་རེད།།
རང་གི་མི་ཚེའི་གདམ་ང་ཕ་མར་དབང་།།
འཁོན་འཛིན་ཁོང་ཁྲོ་འདུམ་པར་ཞུ་བའི་ཆེད།།
ཕ་གའི་གཉལ་བའི་ཁྱིམ་ལ་གོམ་པ་སྤོས།།
ཁོ་བོའི་ཕ་མ་ཞབས་ཞུ་ལྷ་བཞིན་བསྒྲུབ།།
ཕྱི་ནང་ཁྱིམ་ལས་འབད་བརྩོན་ཆུ་བོའི་རྒྱུན།།
བཅོ་ལྔའི་ལང་ཚོའི་མཛེས་སྡུག་ཟད་ན་ཡང་།།
དུད་འགྲོ་བལྟ་བའི་མིག་མདངས་ང་མ་བསྟན།།
ལུས་ལ་ཁ་ཏོག་དམར་སྔོའི་རི་མོའི་རྒྱན།།
སེམས་ལ་སྡུག་དང་ཚིག་གི་མཚོན་ཆའི་བཀང་།།
སྡུག་ཞོར་སྐྱོ་ཞོར་འཁྱོལ་ཐབས་བྱས་ན་ཡང་།།
མ་རོང་བ་ཡི་རྙི་ལས་མཐར་མ་བྱུང་།།
ཕ་མར་བཤད་ན་ང་ཡི་ལས་ཟེར་གི།
གྲོགས་མོར་བརྗོད་ན་ཚང་མ་གཅིག་རེད་ཟེར།།
ཁྱད་མེད་དགུང་གི་ཉི་ཟླ་ཟུང་ལས་གཞན།།
ང་ཡི་ལས་དབང་རྟོགས་མཁན་སུ་ཞིག་ཡོད།།
ཉམས་ཆུང་ལྷད་མེད་རང་གི་ངར་སྐད་ལས།།
ང་ལ་བདེན་དོན་རྩོད་མཁན་སུ་ཞིག་ཡོད།།